ཨ་མདོ་དང་འབྲེལ་བའི་རྒྱལ་སྤྱིའི་ཞིབ་འཇུག་ཟབ་སྦྱོང་ཚོགས་ཆེན་ཐེངས་གསུམ་པའི་

གསལ་བརྡ།

(ཨ་མདོ། — བསྣོལ་མཚམས་དེ་ན།)

Call for Papers for the 3rd International Workshop of the Amdo Research Network:
‘Amdo at the Crossroads’

ཚོགས་ཡུལ།
ཨཱོག་སུ་སྤོར་ཌི (Oxford University)སློབ་གྲྭ་ཆེན་མོ།

ཚོགས་དུས།
ཕྱི་ལོ ༢༠༢༠ ཟླ ༠༤ ཚེས ༡༦ ནས་ ༡༨ བར།

ཨ་མདོ་དང་འབྲེལ་བའི་ཞིབ་འཇུག་ཟབ་སྦྱོང་ཚོགས་ཆེན་སྐབས་གསུམ་པ་འདི། ཨཱོག་སུ་སྤོར་ཌི་སློབ་ཆེན་དང་མཉམ་འབྲེལ་གྱིས་སློབ་གྲྭ་ཆེན་མོ་འདི་རང་དུ་འཚོགས་གཏན་འཁེལ་ཡོད། “ཨ་མདོ། — བསྣོལ་མཚམས་དེ་ན།” ཞེས་པའི་ཚོགས་ཆེན་ཐེངས་གསུམ་པ་འདིའི་དམིགས་ཡུལ་གཙོ་བོ། བོད་རིག་པའི་ཞིབ་འཇུག་ཁྱབ་ཁོངས་ཀྱི་བརྗོད་གཞི་བྱེ་བྲག་པ་ཞིག་དམིགས་སུ་བཟུང་ནས། བོད་རིག་པ་སྤྱིའི་ཞིབ་འཇུག་གི་སྤུས་ཚད་གཏིང་ཇེ་ཟབ་དང་རྒྱ་ཇེ་ཆེར་གཏོང་བར་འཕྱར་གྲུ་མཉམ་འདེགས་བྱེད་རྒྱུ་དེ་ཡིན། དེ་བཞིན། བོད་རིག་པའི་ཞིབ་འཇུག་གི་ཁ་ཕྱོགས་ཀྱང་དབུས་གཙང་གཅིག་བུ་ལྟེ་བར་བཟུང་པའི་སྲོལ་རྒྱུན་གྱི་ལྟ་ཚུལ་ལས་བརྒལ་ཏེ། ཁམས་དང་ཨ་མདོ། མངའ་རིས་དང་ལ་དྭགས། འབྲས་ལྗོངས་དང་འབྲུག་ཡུལ་སོགས་ཡུལ་ལུང་རྒྱ་ཆེ་ལ། རིག་གཞུང་སྣ་མང་བའི་རྒྱལ་སྤྱིའི་བོད་རིག་པའི་མ་འོངས་པའི་ཞིབ་འཇུག་གི་ཁ་ཕྱོགས་དེ་ཐབས་ལམ་སྣ་འཛོམས་དང་འཐུས་ཚང་ཅན་དུ་གཏང་རྒྱུ་དེ་ཡིན།

དེར་བརྟེན། ཞིབ་འཇུག་ཚོགས་ཆེན་འདིའི་ཁོངས་སུ་བོད་ཤར་ཕྱོགས་ཨ་མདོ་དང་དངོས་ཤུགས་གང་རུང་ནས་འབྲེལ་ཡོད་ཀྱི་ལོ་རྒྱུས། ཆོས་ལུགས། སྤྱི་ཚོགས། ཡུལ་སྲོལ། དཔལ་འབྱོར། རྩོམ་རིག སྲིད་དོན། ཤེས་ཡོན། འབྲོག་ལས། ཡུལ་སྐོར་སོགས་ཞིབ་འཇུག་གི་ཁྱབ་ཁོངས་སྣ་ཚོགས་པ་ཞིག་འདུ་བ་ཡིན། དེ་བཞིན། ཚོགས་ཆེན་འདིའི་དགོས་དམིགས་གལ་ཆེན་ཞིག་ནི། ཨ་མདོ་ལྟ་བུ་ས་ཁོངས་བྱེ་བྲག་པ་ཞིག་གལ་ཆེར་གཟུང་རྒྱུ་མ་ཡིན་པར། ས་ཁོང་བྱེ་བྲག་པ་དེ་བརྒྱུད་ནས་ཚུར་བོད་ཀྱི་སྤྱི་ཚོགས་སྤྱི་ཡོངས་ལ་ཞིབ་འཇུག་བྱེད་རྒྱུ་དེ་གཙོ་བོ་ཡིན། དེར་བརྟེན། ཚོགས་ཆེན་འདིའི་ཁོངས་སུ་ཤེས་ཡོན་གྱི་རྒྱབ་ལྗོངས་དང་། ས་གནས། སྐྱ་སེར་སོགས་ལ་དབྱེ་བ་མེད་པར། ཨ་མདོ་དང་འབྲེལ་ཡོད་ཀྱི་ཞིབ་འཇུག་གནང་མཁན་གྱི་བོད་རིག་པ་བ་སུས་ཀྱང་ཆ་ཤས་དང་གོ་སྐབས་ལེན་ཆོག་པ་ཡིན། ཆ་ཤས་ལེན་འདོད་མཁན་གྱི་ཞིབ་འཇུག་པ་རྣམས་ཀྱིས་ཚིག་འབྲུ ༢༦༠ ལས་མ་བརྒལ་བའི་དཔྱད་རྩོམ་གྱི་སྙིང་དོན་དང་། དོ་བདག་གི་མིང་། གློག་འཕྲིན་ཁ་བྱང་། འབྲེལ་ཡོད་ཀྱི་ལས་ཁུངས་དང་ཤེས་ཡོན་སྡེ་ཚན་གྱི་མིང་བཅས་གང་མགྱོགས་ང་ཚོར་བསྐུར་གནང་རོགས།

རྩོམ་ཡིག་གི་སྙིང་དོན་ཚང་མ་འདི་ལོའི་ཕྱི་ཟླ་ ༡༢ ཚེས་ ༠༡ སྔོན་ལ་ང་ཚོར་ངེས་པར་དུ་འབྱོར་ཐུབ་པ་གནང་དགོས་ལ། ཕྱི་ཟླ་ ༡༢ ཚེས ༢༠ ཉིན་ཁྱེད་ཀྱི་རྩོམ་ཡིག་ཚོགས་འདུའི་ཁོངས་སུ་ཚུད་ཡོད་མེད་ཀྱི་གསལ་བརྡ་གཏང་རྒྱུ་ཡིན། དེར་བརྟེན། ང་ཚོར་དུས་ཚོད་རིང་བོ་མེད་པས། སྐུ་ཉིད་ཀྱིས་ད་ལྟ་ནས་གྲ་སྒྲིག་གནང་རོགས།

དོ་སྣང་བྱེད་དགོས་པ་ཞིག་ལ། ཞིབ་འཇུག་ཚོགས་ཆེན་འདིའི་སྐད་ཡིག་གཙོ་བོ་ཨིན་སྐད་ཡིན་པར་བརྟེན། ཚོགས་འདུའི་ཆ་ཤས་ལེན་མཁན་ཀྱི་རྩོམ་ཡིག་སྙིང་དོན་ཁག་ཀྱང་ཨིན་ཡིག་ཐོག་ཏུ་འབྲི་གནང་དགོས་པ་ཐུགས་འཇགས་འཚལ།

རྩོམ་ཡིག་བསྐུར་ཡུལ། arnworkshop2020@gmail.com

ཚོགས་འདུ་གོ་སྒྲིག་གནང་མཁན། Hannah Theaker, Rachael Griffiths and སྦྲ་རིགས་པ་ཐོགས་མེད།